རྫ་ཆུ་ཁའི་བྱིས་པ།

རྫ་ཆུ་ཁའི་བྱིས་པ།_第1张图片
塔须利乐爱心小学

塔须寺闻思兴盛院的住持格泽贡呷活佛为了牧区适龄儿童的入学,在2007年经当地政府及相关部门的批准下筹建塔须村第一所学校。两百多名因贫困和其他原因一直无法上学的孩子在格泽贡呷活佛的关怀帮助下有机会获得正规的教育,同时孩子们的全部生活费用都由寺院负担。格泽贡呷活佛希望藏族的优秀传统和文化在这些孩子的身上得到继承和发扬。


བཅར་འདྲི་འདི་གློག་བརྙན་(རྫ་ཆུ་ཁའི་བྱིས་པ)་ལས་ཁོལ་དུ་ཕྱུང་སྟེ་དྲི་བ་དང་སྡེབ་བསྒྲིགས་ནས་ཡི་གེར་ཕབ་པ་ཡིན་སྟབས་ཡུལ་སྐད་རེ་ཟུང་ལ་བཅོས་སྒྲིག་བཏང་བ་ལས་སྐད་ཆའི་སྤྱི་ཁོག་ལ་འགྱུར་བ་གང་ཡང་བཏང་མེད། རྩོམ་སྒྲིག་པས།

དྲི་བ། ཁྱེད་ཀྱིས་སློབ་གྲྭ་མ་བཙུགས་པའི་ཡར་སྔོན་གྱི་ཐར་ཤུལ་ས་ཆའི་སློབ་གསོའི་གནས་བབ་ཅི་འདྲ་ཡིན་པ་དང་ཁྱེད་ལ་སློབ་གྲྭ་འཛུགས་པའི་བསམ་བློ་ཇི་ལྟར་སྐྱེ་བའི་སྐོར་ནས་ཁ་བརྡ་ཞིག་བཤད་རོགས།

ལན།  དེ་དུས་མཚོན་ན། སློབ་གྲྭ་ནི་ཕ་མ་ཚོས་བུ་ཕྲུག་ལ་སྐྲག་སློང་སྤྱད་ཅིག་རེད། དཔེར་ན་བྱིས་པ་ཚོས་ལས་ཀ་ཡག་པོ་མ་ལས་པ་དང་པྲ་ཚགས་བྱས་ན་ཁྱོད་སློབ་གྲྭར་འཇོག་རྒྱུ་ཡིན་ཞེས་སྐྲག་སློང་བའི་གནས་ཚུལ་དེ་འདྲ་རེད། སྤྱིར་ན་སྐབས་དེར་བྱིས་པ་དག་སློབ་གྲྭར་བཞག་ཀྱང་རིག་གནས་ཡག་པོ་ཞིག་འབྱོར་དཀའ། དགེ་རྒན་ཚོས་ཀྱང་སློབ་ཁྲིད་ཡག་པོ་མི་བྱེད་པར་མ་ཟད་བྱིས་པ་ཚོ་སློབ་ཁང་ནང་དུ་བསྡུས་ཏེ་ཁྱོད་ཚོས་འུར་བརྒྱག་མ་ཡོང་རྒྱག་རེས་ཐུག་མ་ཡོང་། སྒོར་བུད་མ་ཡོང་ཞེས་བཤད་དེ་ནང་དུ་བསྡུ་འཇོག་རྒྱུ་མ་གཏོགས་སློབ་ཁྲིད་ཡག་པོ་ཅང་མི་བྱེད་པའི་གནས་ཚུལ་དེ་འདྲའི་འོག་ཚང་མར་དཀའ་ལས་འཕྲད་ཡོད་པ་རེད།

ང་རང་ཡར་མར་འཁྱམས་ནས་འགྲོ་མཁན་ཞིག་ཡིན། ཕྱིར་ཕ་ཡུལ་དུ་ཡོང་ཐེངས་རེར། ཚོ་བ་འདིའི་ནང་གི་བྱིས་པ་ཚོ། རང་ཨ་ན་མ་ན་ལྟ་བུའི་ཅི་ཡང་མི་ཤེས་མཁན་ཞིག་ཏུ་འགྱུར་འགྲོ་ཁུ་བསམ་པའི་རང་ལ་སེམས་ཁྲལ་ཆེན་པོ་ཞིག་སྐྱེས་ཡོང་ཀི་འདུག  དེ་འདྲ་ཡིན་དུས། རང་གིས་ཅི་བྱས་ན་དགའ་ཁུ་བསམས་ནས་བསམ་བློ་མང་པོ་བཏང་བའི་མཐར།  ཚོ་བ་འདིའི་ནང་དུ་ངེས་པར་དུ་སློབ་གྲྭ་ཞིག་འཛུགས་དགོས་ཁུ་བསམ་པའི་བསམ་བློ་སྐྱེས་པ་ཡིན། རང་ལ་མཚོན་ན་སློབ་གྲྭ་ཞིག་འཛུགས་པའི་ཆ་རྐྱེན་ཡོད་ནི་དང་། འཇོན་ཐང་ཡོད་ནི་ཞིག་གཏན་ནས་མ་རེད་དེ། ཡིན་ན་མིན་ན། རང་གིས་ཅི་འཇོན་གང་འཇོན་གྱིས་རང་ནུས་གང་ཡོད་ཀྱིས་སློབ་གྲྭ་ཟིག་ངེས་པར་དུ་འཛུག་དགོས་ཁུ་བསམ་པ་ཡིན། ཚོ་བ་འདིའི་ནང་དུ་སློབ་གྲྭ་ཞིག་མ་བཙུགས་ན་བྱིས་པ་ཚང་མ་འཕྲོ་བརླག་ཏུ་བུད་འགྲོ་ཁུ་བསམས་ནས་སློབ་གྲྭ་ཞིག་འཛུགས་པར་སེམས་ཐག་བཅད་པ་ཡིན།

དྲི་བ། ཁྱེད་ཀྱིས་སློབ་གྲྭ་བཙུགས་པའི་རྒྱུད་རིམ་མདོར་བསྡུས་ཤིག་བཤད་རོགས།

ལན།   ༢༠༠༧ལོར་གུར་ནང་དུ་སློབ་གྲྭ་འཚོགས་པ་རེད། དེ་འཚོགས་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྒྱལ་ཁབ་ཀྱིས་བྱིས་པ་ལོ་ཆུང་རྣམས་སློབ་གྲྭར་འཇོག་དགོས་པའི་བཀའ་བསྒྲགས་པ་རེད། དེ་དུས་རྒྱལ་ཁབ་ཀྱི་སློབ་གྲྭར་འགྲོ་དགོས་ན། འབྲོག་པ་ཚོར་སྟབས་མ་བདེ་བ་མང་པོ་ཞིག་ཡོད་པ་རེད། ཐག་རིང་ས་རེད། དེ་དུས་རླངས་འཁོར་དང་འཕྲུལ་རྟའི་རིགས་ནི་མེད། སྣ་རྟ་རེ་ཞོན་ནས་འགྲོ་དགོས་ན་ཡང་ཐག་རིང་ས་ཡིན་པས་དཀའ་མོ་འདུག དཀའ་ངལ་དེ་འདྲ་ཞིག་གི་དབང་གིས་ཚང་མ་སློབ་གྲྭར་ཡང་འགྲོ་མི་འདོད། དེ་འདྲ་ཡིན་དུས། ང་ཚོས་གུར་ནང་ནས་སློབ་གྲྭ་ཞིག་འཚོགས་ཏེ་སློབ་གྲྭ་འཚོགས་ཡོད་ཅེས་རྒྱལ་ཁབ་ལ་སྐད་ཆ་བཤད་སྤྱད་བྱེད་ཀི་བསྡད་ནི་རེད། དེ་དུས་སློབ་མ་མང་བོ་ཞིག་འཚོག་རྒྱུ་མེད་ཀི སློབ་མ་ཉི་ཤུ་སུམ་ཅུ་ཞིག་ཡོད། སྐབས་དེར། དགེ་རྒན་ཞེས་ཅང་ཡོད་ནི་མ་རེད། ཐར་ཤུལ་སྡེ་བའི་ནང་དུ་ཨ་འགུ་ཟེར་བའི་འགོ་ཁྲིད་ཅིག་ཡོད་ནི་རེད། ཁོས་རྒྱ་ཡིག་བོད་ཡིག་རགས་རིམ་ཙམ་ཞིག་ཤེས། སློབ་མ་ཚོར་ཁོས་ཀ་ཁ་ག་ང་རེ་བསླབས་པ་རེད། ཁོ་ལ་གྲྭ་བ་འགའ་ཤས་དང་། དེ་མིན་འགོ་ཁྲིད་དག་གིས་རོགས་པ་འདྲ་བརྒྱབ་ནས་༢༠༠༧ལོར་སློབ་གྲྭ་དེ་ལྟར་འཚོགས་པ་རེད།

༢༠༠༨ལོར་སློབ་གྲྭའི་ཁང་པ་འཛུགས་སྐྲུན་བྱ་བའི་འགོ་བཙུགས་ནི་རེད། སྒོར་མོ་ཁྲི་གསུམ་བཞི་ཞིག་གིས་ཅི་ཡང་འཛོམ་མི་ཐུབ་ཀི། དེ་བས་རང་གི་ཁང་པ་དང་རླངས་འཁོར་བཙོང་བའི་ཐོག་སྒོར་མོ་བསྐྱི་རྒྱུ་གཡར་རྒྱུ་བྱས་ནས་ལོ་དེར་སློབ་ཁང་བཞི་དང་དགེ་རྒན་གྱི་སྡོད་ཤག་ལྔ་བཅས་ལས་པ་ཡིན། དེའི་ཐད་སོར། རྒྱལ་ཁབ་ཀྱིས་དགེ་རྒན་གཉིས་མངགས་ཐལ། དེའི་སྟེང་རང་གིས་ཀ་ཁ་ག་ང་རེ་སློབ་མཁན་བཙལ་བ་ཡིན། སྐབས་དེར། ཀ་ཁ་ག་ང་འདྲ་སློབ་རྒྱུ་མ་གཏོགས་སློབ་གྲྭའི་སློབ་ཁྲིད་ཚད་དང་ལྡན་པ་ཞིག་བྱེད་ཐུབ་མ་སོང་། ༢༠༠༨ལོར་བཤད་ན་དེ་འདྲ་ཞིག་རེད། དེའི་ཚུན་ཆོད། སློབ་མ་ཇེ་མང་ཇེ་མང་རེད། རང་ལྟ་བུར་མཚོན་ན་སྡེ་བའི་ནང་དུ་དུད་སྒོ་བཤེར་ནས་བྱིས་པ་ཚོ་སློབ་གྲྭར་འཇོག་རོགས་ཞེས་རེ་བ་འདྲ་བརྒྱབ། དེ་འདྲ་བྱས་རྐྱེན། ཕྱིར་ལོ་༢༠༠༩ལོར་སློབ་གྲྭར་སློབ་མ་བརྒྱ་ལྷག་ཅིག་ཡོད་ཀི སྐབས་དེར་དགེ་རྒན་གྱིས་མི་འདང་ཁུ། སློབ་ཁང་གིས་ཀྱང་མི་འདང་ཁུ། དགེ་རྒན་འདུག་ས་ཡང་མི་འདང་ཁུ། དེ་འདྲ་ཡིན་དུས། ཡང་བསྐྱར་ཁང་པ་ཁ་ཤེས་མ་ལས་རང་ལས་རེད། དེའི་དུས། རང་གིས་སྒོར་མོ་རེ་བསྐྱི་དགོས་ན་སྒོར་མོ་བརྒྱ་ཐམ་པ་ལ་བརྒྱ་ཆ་བཞི་རེ་སྐྱེད་ཀ་སྤྲད་དགོས་པ་རེད།  དཔེར་ན་ད་ལོ་སྒོར་ཁྲི་གཅིག་བསྐྱིས་བཏང་ན་སང་ལོ་ཕར་སྤྲད་དུས་སྒོར་ཁྲི་གཅིག་དང་སྟོང་བཞི་སྤྲད་དགོས་རྒྱུ་དེ་འདྲ་རེད། དེ་དུས། སྒོར་མོ་དཀོན་ནི་རེད། སྒོར་མོ་བསྐྱི་དགོས་རུང་བསྐྱི་རྒྱུ་མི་རག་པ་ལྟ་བུ་རེད། འབྲོག་པ་ཚོར་ཡོད་པ་ནི་དབྱར་རྩྭ་དགུན་འབུ་རེད། དེ་དུས་དབྱར་རྩྭ་རྒྱ་མ་གང་ལ་སྒོར་ཁྲི་བཞི་རེ་ལྔ་རེ་བྱེད་ཀི་ཡོད་རེད། དཔེར་ན་སྒོར་ཁྲི་ལྔ་བྱས་ནས་བཙོང་གི་ཡོད་ན་རང་གིས་སྒོར་ཁྲི་དྲུག་འདུན་རེ་བྱིན་ཏེ་སྒོར་མོ་ལོ་རྗེས་མར་སྟེར་རྒྱུ་བྱེད་ཀི་ཡོད་རེད། སྐབས་དེར་དབྱར་རྩྭ་ཕར་ལ་བཙོང་དུས། སྡེ་བས་ཅི་བྱས་ནས་བཙོང་གི་ཡོད་ན་དེའི་ཕན་ཞིག་ཁུག་གི་མ་རེད། སྒོར་ཁྲི་བཞི་ཁུག་གི་ཡོད་ན་སྒོར་ཁྲི་བཞི་དང་། སྒོར་ཁྲི་ལྔ་ཁུག་གི་ཡོད་ན་སྒོར་ཁྲི་ལྔ་བྱས་ནས་ཕར་བཙོང་གི་ཡོད་རེད། དཔེར་ན་དབྱར་རྩྭ་རྒྱ་མ་གང་གི་མགོ་ནས་སྒོར་ཁྲི་གཅིག་གཉིས་རེ་བརྡིབ་ཁུ་བཞག་སྟེ་ལག་དངུལ་ལོན་ཐབས་བྱས་པ་ཡིན། དེ་འདྲ་མ་བྱས་ན།  སྒོར་མོ་རྐྱང་བ་བསྐྱི་རྒྱུ་མི་རག་པའི་གནས་ཚུལ་རེད།

དེ་འདྲ་ཡིན་དུས། རང་གི་ཤ་ཉེ་སྤུན་མཆེད་དང་ཡག་ས་དགའ་ས་སོགས་ཀྱིས་ང་ལ་ཁྱོད་ཀྱིས་ཧ་ཟ་དོམ་ལེན་དེ་འདྲ་ཞིག་བླངས་ནས་ནམ་ཞིག་ཁྱོད་དོམ་ཞབས་ནས་ཡར་འབུད་ཐུབ་ས་མེད་ཀི་ཟེར་ནས་སྐད་ཆ་ལོ་རྒྱུས་དེ་འདྲ་བཤད་ཀི ཁྱོས་ལས་སྤྱད་རེ་རག་དུས་ལོས། མ་རེག་དུས་མཚམས་འཇོག་རེ་བྱོས་ཟེར་ནས་སྐད་ཆ་དེ་འདྲ་བཤད་ནི་ཡོད་ཀི ཡོད་ན་ཡང། རང་གིས་བསམ་བློ་ཅི་ཞིག་བཏང་བ་ཡིན་ཞེ་ན།

སྒོར་མོ་མེད་པའི་དཀལ་ངལ་ནི་ང་ཁོ་ནའི་དཀའ་ངལ་ཞིག་རེད་མ་གཏོགས་སློབ་གྲྭ་དང་བྱིས་པ་ཚང་མའི་དཀའ་ངལ་ཞིག་མ་རེད། དེ་འདྲ་ཡིན་དུས། ང་ཁོ་ནའི་དཀའ་ངལ་གྱིས་མི་གཞན་ཚོས་དཀའ་ངལ་རེ་སེལ་ཐུབ་ན། རང་ཉིད་དཀའ་ངལ་ག་འདྲ་ཞིག་ལ་འཕྲད་ཀྱང་སྐྱོན་མི་འདུག་བསམས་ནས་འབད་པ་བྱས་པ་ཡིན།

དྲི་བ།  ཁྱེད་ཀྱིས་བལྟས་ན་ད་ལྟའི་སློབ་གྲྭའི་སྣང་ཚུལ་ཅི་འདྲ་རེད།

ལན།  སློབ་གྲྭ་འདི་བཙུགས་ནས་གྲུབ་འབྲས་ཡིན་ན་རང་གི་ལྟ་ཚུལ་ལ་ཅུང་ཆོག་འདུག་བསམས། ཅིའི་ཕྱིར་ཞེ་ན། རྫོང་སྲིད་གཞུང་དང་རང་སྐྱོང་ཁུལ་གྱི་ལས་བྱེད་དང་། གཞན་མི་སྣ་འདྲ་མིན་སློབ་གྲྭའི་ནང་དུ་ལྟ་སྐོར་དུ་མང་བོ་ཞིག་ཡོང་གི་འདུག ཚང་མས་ངོ་རིག་གཏམ་འདྲ་ཨེ་ཡིན་མི་ཤེས་མ་གཏོགས། སློབ་གྲྭ་འདི་ཉན་ཁུ་འགྲིག་གི ཁོང་ཚོས་ཀྱང་མུ་མཐུད་དུ་རོགས་སྐྱོར་བྱེད་ཟེར་བ་དང་། སློབ་གྲྭ་འདི་བཙུགས་ནས་ཕན་འབྲས་ཡོད་པར་བཤད་ཀི སྔོན་ཆད་སློབ་གྲྭ་གསར་འཛུགས་བྱ་སྐབས། དེ་དག་གིས་ཁྱོད་རང་གིས་སྒེར་བཙུགས་སློབ་གྲྭ་ཞིག་བཙུགས་ནས་ཕན་འབྲས་ཅང་ཡོད་པ་མ་རེད། འཛུགས་དགོས་ཡོད་ནི་མ་རེད་ཅེས་སྐད་ཆ་ལོ་རྒྱུས་བཤད་ཀི ད་ལྟ་ཡིན་ན་སློབ་གྲྭ་འདི་བཙུགས་ནས་ཕན་འབྲས་ཡོད་ཀི རང་གིས་མུ་མཐུད་དུ་འབད་པ་བྱོས་དང་གྲུབ་འབྲས་ཆེ་ཁུ་ཞེས་ལབ་ཀི་འདུག

དྲི་བ།  ད་སྐབས་སློབ་གྲྭ་དང་ཁྱེད་ཀྱི་དཀའ་ཁག་གི་སྐོར་ནས་ཁ་བརྡ་ཞིག་བཤད་རོགས།

ལན། སློབ་གྲྭར་མཚོན་ན་དགེ་རྒན་གྱི་སྐོར་ནས་དཀའ་ཁག་ཆེ། དགེ་རྒན་ཚད་དང་ལྡན་པ་ཞིག་བཙལ་དགོས་ན་ནི་མ་ལོན་པའི་གནས་ཚུལ་དེ་འདྲ་རེད། ངེད་ཅག་གིས་དགེ་རྒན་ཞིག་བཙལ་ཡོང་དུས་ལོ་གསུམ། བཞི། ལྔ། མ་མཐའ་ལོ་གསུམ་ལ་འདུག་པའི་གན་རྒྱ་བྲིས་ཏེ་འདུག་དགོས་ཟེར་ཀི་ཡོད། དགེ་རྒན་དག་གིས་ཀྱང་གན་རྒྱ་ཡི་གེ་བྲིས་ཡོད་ན་ཡང་། འགའ་རེ་ཚིག་ཐོག་ནས་མི་འདུག་པར་བུད་འགྲོ་ཁུ། བུད་སོང་རུང་སྐད་ཆ་ལོ་རྒྱུས་ཙམ་ཡང་མི་བཤད་པར་བུད་འགྲོ་ཁུ། སོང་ནས་རྗེས་ཞིག་ལ་ད་ཡོང་གི་མེད་ཟེར་ནས་སྐད་རེ་བསྐུར་ཡོང་རྒྱུ་མ་གཏོགས་འགྲོ་ལུགས་དང་མཐུན་པ་ཞིག་རྐྱང་མི་བྱེད། གནས་ཚུལ་དེ་འདྲའི་འོག་དགེ་རྒན་དག་ནམ་རྒྱུན་བརྗེ་ལེན་སྤྲད་ཀི་འདུག་དགོས་ན། དེ་ལ་དཀའ་ཁག་ཆེན་པོ་ཞིག་ཡོད་ཀི དཔེར་ན་དགེ་རྒན་དང་སློབ་མ་ཕན་ཚུན་ངོ་ཤེས་ཤིང། ཕན་ཚུན་བར་བརྩེ་འདང་ཆགས། དགེ་རྒན་དང་ཁྱིམ་བདག་བར་ཚང་མ་ངོ་ཤེས་ཆགས་ཚར་རྗེས། ཁོ་ཡི་འཚབ་ཏུ་དགེ་རྒན་གཞན་པ་ངོ་མི་ཤེས་ནི་ཞིག་གསར་དུ་བཙལ་ནས་འཇོག་དགོས་ན་ཕྱོགས་གང་ཐད་ནས་དཀའ་མོ་ཞིག་རེད། བཙལ་ཡང་ལོན་དཀའ་བས་དཀའ་ཁག་ཆེན་པོ་འདྲ་ཡོད་ཀི

སློབ་གྲྭའི་དགེ་རྒན་རེ་ལ་ཟླ་ཕོག་སྒོར༢༥༠༠རེ་དང་། སློབ་མར་སློབ་ཡོན་ལེན་ཀི་མེད་ཐོག་དགེ་རྒན་ལ་དཔའ་དར་གདགས་རྒྱུ་དང་། སློབ་མ་ཚོར་ཡི་གེ་ཉོ་རྒྱུ། དྲུག་གཅིག་བྱིས་པའི་དུས་ཆེན་སོགས་རྩེད་དུས་དང་། དཔའ་དར་གདགས་རྒྱུ་སོགས་སྡོམ་པའི་འགྲོ་སོང་གང་ལ་གང་འཚམ་རེ་བཏང་དགོས་ཀི ལོ་རེར་སྒོར་ཁྲི་སུམ་ཅུ་ཡས་མས་རེ་གཏོང་གི་འདུག་དགོས་ཁུ། དེ་འདྲ་ཡིན་དུས། རྒྱ་ནང་ན་ངོ་ཤེས་འགའ་རེ་ཡོད། སྐབས་རེར་ཁོང་ཚོས་རོགས་སྐྱོར་བརྒྱབ་པ་ལ་བརྟེན་ནས་སྤྲད་རྒྱུ་རེག་འགྲོ་དུས་ཡོད་ཀི མང་ཆེ་ཤོས་སྒོར་མོ་བསྐྱིས་ནས་སློབ་གྲྭའི་འགྲོ་སོང་གཏོང་གི་ཡོད་རེད། དཔེར་ན། ད་ལོ་སྒོར་མོ་བསྐྱིས། སང་ལོ་ཡང་ཚུར་བསྐྱིས་ནས་དེ་ཕར་སྐྱིན་པོ་སྤྲད། དེ་འདྲ་ཏག་ཏག་བྱས་ནས་བསྡད་ཡོད་པ་རེད། དཔལ་འབྱོར་གྱི་ཐད་ནས་ཀྱང་དཀའ་ཁག་དེ་འདྲ་ཞིག་རེད།

དྲི་བ། ཉིད་ཀྱིས་སློབ་གྲྭ་འདི་བཙུགས་པའི་དམིགས་མདུན་ཅི་ཞིག་ཡོད་པའི་སྐོར་ནས་ཁ་བརྡ་ཐུང་ངུ་ཞིག་བཤད་རོགས།

ལན། རང་གིས་སློབ་གྲྭ་འདི་བཙུགས་ནས་རེ་བ་འམ་དམིགས་མདུན་ཟེར་ན་འདྲ། གཙོ་བོ་ཅི་ཞིག་ཡིན་ཞེ་ན། སློབ་གྲྭ་འདིའི་ནང་གི་སློབ་མ་རིག་གནས་ཡག་པོ་ཅན་དང་ཀུན་སྤྱོད་ཡག་པོ་ཅན་དག། སློབ་གྲྭ་འདིའི་ནང་གི་མཐར་ཕྱིན་པ་མ་ཟད། མཐོ་རིམ་དང་། ཞིབ་འཇུག འབུམ་རིམ་སོགས་བཏོན་ནས་མི་རིགས་འདི་དང་། འབྲོག་དམངས་འདི་ལ་ཕན་ཨེ་ཐོག་བསམ་པའི་དམིགས་མདུན་དང་པོ་ཡིན། ཡིན་ན་ཡང་། སློབ་མ་རང་ཉིད་ཀྱིས་མཐོ་རིམ་སློབ་གྲྭར་འགྲིམ་བསམ་ན་ཡང་། ཕ་མ་ཉེ་རིང་སོགས་ཀྱིས་རྒྱབ་སྐྱོར་བཟང་རྒྱུ་མེད་ཐོག་དཔལ་འབྱོར་གྱི་ཐད་ནས་རྒྱབ་སྐྱོར་མེད་པ་ཅན་དང་། མཐའ་ན་བསམ་བློའི་རྒྱབ་སྐྱོར་ཙམ་ཡང་མེད་མཁན་ཞིག་ཡིན་ན་ཡང་། རང་གིས་སྐམ་པོའི་རྒྱུ་དང་རློམ་པའི་ཟས་ལ་མི་འཛེམ་པར་རང་གིས་རོགས་སྐྱོར་བརྒྱག་དགོས་བསམ་རྒྱུ་དང་། ངེས་པར་དུ་བརྒྱག་ནི་ཡིན་བསམ་པའི་སེམས་ཐད་ཆོད་པའི་སྒོ་ནས་བཤད་ཐུབ།

གཉིས་པ། རང་རང་གིས་རིག་གནས་ཡག་པོ་ཞིག་བསླབས་ནས་རྒྱལ་ཁབ་ཀྱི་ལས་བྱེད་ཨེ་རག་བལྟ་རྒྱུ་དམིགས་ཡུལ་གཙོ་བོ་མིན་པར། དགེ་རྒན་བྱེད་པ་དང་རང་རང་གི་ཤེས་ཡོན་དང་གང་ཅིའི་ཐད་ནས་འཇོན་ཐང་ཅན་ཞིག་ཏུ་ཨེ་ཡོང་བསམ་རྒྱུ་དེ་ཡིན།

གསུམ་པ། ངོས་གཞན་ནས་ཤེས་བྱ་རིག་གནས་ཀྱིས་ཅང་མ་འཇོན་རུང་། ལག་རྩལ་དང་ཚོང་ལས་ཕྱོགས་ནས་རང་ཁ་རང་སོས་ཤིག་ཨེ་ཡོང་བསམ་པ་དང་། ཆེས་མ་མཐར་དེ་ད་ངེས་པར་དུ་རེད་དགོས་ཁུ་བསམ་པའི་རང་ལ་རེ་བ་དང་འདུན་པ་དེ་འདྲ་ཡོད།

你可能感兴趣的:(རྫ་ཆུ་ཁའི་བྱིས་པ།)