2017-11-29

      ༄༅། །ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭལ་སླེབས་པའི་མྱོང་ཚོར།

གུས་པ་རང་ཉིད་ནི་༡༩༨༥ལོར་ཨ་ཕ་དང་ཨ་མས་ལུག་ཆུང་ཚར་དཀར་གྱི་ཁ་དར་བཏེགས་ཏེ། འཛུམ་མདངས་དང་དགོད་སྒྲས་བསུ་བ་བཅས། ལས་དབང་གིས་ལྟེ་ཁྲག་འཇིག་རྟེན་འདིར་ཕུལ་ཏེ། མི་ཡུལ་འདིའི་དགའ་སྐྱོ་ཆགས་སྡང་གི་ལྟད་མོར་ཐེངས་དང་པོར་ཡོང་བ་ཡིན། དེ་ནས་མཛེས་སྡུག་ལྡན་པའི་བྱིས་དུས་ཀྱི་འཚོ་བ་ནི་འཁོར་ཡུག་དང་ཆ་རྐྱེན་དུ་མས་རྐྱེན་ཤེས་རིག་སློབ་གླིང་འགྲིམ་པའི་གོ་སྐབས་མ་རག་པར་གནག་ཕྱུགས་རྗེས་སུ་ལོ་མང་འདས། དེ་དུས་སྐབས་རེར་རྩྭ་ཐང་གི་མཛེས་སྡུག མེ་ཏོག་གི་དྲི་ཞིམ། གཡང་དཀར་གྱི་འབའ་སྒྲ། རྫི་གླུའི་སང་སྒྲ་བཅས་ཉམས་དགའ་བ་རེ་དང་། སྐབས་རེར་ལྷགས་རླུང་གི་འུར་སྒྲ། ཁ་ཆར་གྱི་གྲང་ངར་སོགས་གང་ལྟར་འགྲོ་བ་མིའི་ཐུན་མོང་གི་བདེ་སྡུག་ལྟར་ངོ་མཚར་བའི་འཇིག་རྟེན་འདིའི་གསང་བ་དང་དགའ་སྐྱོ་འདྲེས་མའི་ཚོར་བ་གང་མང་རེ་བརྒྱུད་དེ། རང་ལོ་བཅུ་དྲུག་པར་ལས་དང་སྨོན་ལམ་དབང་གིས་ར་ཡ་དགོན་སྔགས་འགྱུར་མདོ་སྔགས་བཤད་སྒྲུབ་དགའ་ཚལ་གླིང་དུ་སྟོན་པ་སངས་རྒྱས་ཀྱི་ཆོས་སྒོར་ཞུགས་པའི་གོ་སྐབས་ཐོབ་སྟེ་རབ་ཏུ་བྱུང་། དེ་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་བདེ་སྐྱིད་ཀྱི་འགན་ཁྲི་ཕྲག་ཏུ་བླངས་ཏེ་བགྲང་བྱ་བཅུ་ཕྲག་ལྷག་རིང་སྔགས་ཕྱོགས་རྒྱུད་སྡེ་བཞི། མདོ་ཕྱོགས་བཀའ་པོད་ལྔ་དང་བཅས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་དག་ལ་ཐོས་བསམ་སྒོམ་གསུམ་བྱས། དེ་དང་མཐུན་པར་བསྟན་དགོན་དང་ལྷ་སྡེ་དག་ལ་ཡང་ཞབས་བསུ་གང་ལ་གང་མཚམས་ཞུ་མྱོང་ལ། མཚམས་རེར་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་དང་ཤར་དཔལ་སྤུང་དགོན་སོགས་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་ལ་སློབ་སྦྱོང་དུ་འགྲོ་མྱོང་། སྐབས་ཤིག་ནས་སློབ་གླིང་འདིའི་མཚན་སྙན་དང་ལོ་རྒྱུས་འགའ་ཤས་ཐོས་སོང་། ལྷག་ཏུ་སློབ་གླིང་འདིའི་ཡོན་གནས་ལག་ཁྱེར་གྱི་བེད་སྤྱོད་དང་ཐོབ་ཐང་ཐད། ཡོན་གནས་ལག་ཁྱེར་འདི་ཡོད་ན་ཆོས་ལུགས་ཀྱི་བྱེད་སྒོ་གང་ན་སྤེལ་ཡང་སྤེལ་ཆོག་པ་དང་། མ་ཚད་སྒེར་དུ་སློབ་གྲྭ་འཛུགས་ཆོག་པའི་ཐོབ་ཐང་ཡོད་ཚུལ་གྱི་སྐད་ཆ་ཐོས་མྱོང་། དེ་ནས་བཟུང་སློབ་གླིང་འདིར་འགྲོ་འདོད་ཀྱི་འདུན་པ་ཇེ་ཆེ་དང་རེ་བ་ཇེ་ཟབ་རེད། སྟབས་ལེགས་པ་ཞིག་ལ་ཐེངས་འདིར་རང་དགོན་གྱིས་བཀོད་སྒྲིག་འོག་སྐབས་བཅུ་དྲུག་པའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་རྒྱུགས་སྤྲད་རྒྱུ་གོ་སྐབས་རག་སོང་། དེ་ལས་ཀྱང་དགའ་འོས་པ་ཞིག་ནི་རྒྱུག་གིཨང་ཚད་ཀྱང་ལོན་འདུག འདི་ནི་བདག་ལ་མཚོན་ན་ཆེས་སྔ་མོའི་རྨི་ལམ་ཞིག་མངོན་དུ་གྱུར་སོང་བ་འམ། ཡང་ན་རེ་བ་ཞིག་ལེགས་གྲུབ་རེད་ཅེས་བརྗོད་ན་ཆོག འདི་ནི་གཅིག་བྱས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་བདེ་སྐྱིད་ཀྱི་ཆེད་དུ་ཡིན་ཟེར་ཡང་ཆོག་ལ། གཅིག་བྱས་ན་གནས་འདི་ནི་རྒྱལ་ཡོང་རང་བཞིན་ཅན་གྱི་མཐོ་རིམ་རབ་འབྱམས་པའི་ཡོན་ནས་ལག་སྟར་གྱི་དགོན་སྡེ་ཉག་གཅིག་ཡིན་པ་མ་ཟད། རིས་སུ་མ་ཆད་པའི་ཆོས་རྒྱུད་ཁག་གི་མཁས་དབང་དང་ཤེས་འཇོན་ཅན་གྱི་མི་སྣ་མི་ཉུང་བ་ཞིག་འཛོམས་ཡོད། དེས་ན་རང་ཉིད་མ་འོངས་པའི་མདུན་ལམ་ལ་རེ་བ་དང་ཡིད་ཆེས་དུ་མ་རུམ་དུ་ཉར་ཞིང་ཕྱི་ལོ་༢༠༡༧ཟླ་བ ༩ ཚེས༦ ཉིན་གནས་འདིར་སླེབས་སོང་། ཐོག་མར་སློབ་གླིང་འདིའི་ཕྱིའི་མཛེས་ལྗོངས་དང་། ནང་འཚོ་བའི་ཆ་རྐྱེན། རིག་གནས་ཀྱི་ཁ་ཕྱོགས་དང་དགེ་རྒན་གྱི་ཆ་རྐྱེན་གང་ལ་བསམ་ཡང་ཆེས་འཐུས་སྒོ་ཚང་ཞིང་ཕུན་སུམ་ཚོགས་པ་ཞིག་རེད། དེ་དག་ལ་གཞིག་ན་མུན་སེལ་གྱི་སྒྲོན་མེ་འོད་ཆེན་རྒྱལ་སྲས་སེམས་པ་ཆེན་པོ་པཎ་ཆེན་ལགས་ཀྱིས་མཚོན། སློབ་གླིང་འདིའི་དབུ་ཁྲིད་རྣམས་པ་དང་། ལས་བྱེད་མི་སྣ། དེ་དག་ལ་རྒྱབ་སྐྱོར་གནང་མཁན་དག་གི་ཞུམ་མེད་ཀྱི་སྤོབས་པ་དང་། ལྷད་མེད་ཀྱི་ལྷག་བསམ། ཟུར་མེད་ཀྱི་བརྩེ་སེམས་སོགས་ཆེས་བཀའ་དྲིན་ཞུ་འོས་པའི་གནས་སུ་མཆིས། ད་དུང་གནས་འདིར་གནའ་དེང་གི་རིག་གནས་ལ་མཁྱེན་རྒྱ་མཁའ་ལྟར་ཤིང་། བསླབ་གསུམ་སྡོམ་ཁྲིམས་གཙང་མས་ཐུགས་རྒྱུད་ཕྱུག་པའི་ཆོས་རྒྱུད་དང་གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་དབང་དུ་མ་དང་ལྷན། ཤེས་རབ་དྲི་མ་མེད་པའི་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་དང་། ལྷག་པར་དུ་མི་རིགས་མང་པོའི་བསམ་བློ་དང་གོམས་གཤིས། ཆོས་ལུགས་འདྲ་མིན་གྱི་ལྟ་བ་དང་གྲུབ་མཐའ་སོགས། མདོར་ན་གནའ་དང་དེང་ལྷ་ཆོས་སམ་མི་ཆོས། ཡང་ན་ཆོས་དང་འཇིག་རྟེན་གྱི་རིག་གནས་ཆ་ཚང་བ་སྦྱང་དུ་ཡོད་པ་ནི་དགོན་སྡེ་གཞན་དག་ལས་ཁྱད་དུ་འཕགས་པའི་དེང་རབས་རང་བཞིན་ཅན་གྱི་དགོན་སྡེ་འམ། དགེ་མཚན་བླ་ན་མེད་པའི་རིས་མེད་ཀྱི་ཆོས་སྡེ་ཆེན་པོ་ཞིག་ཏུ་འདོད། པུ་ཀྲང་སོགས་རྩལ་ཆེན་གྱི་མི་སྣ་གང་མང་ཞིག་འདིར་དངོས་སུ་ཕེབས་ཏེ་གསུང་བཤད་དང་མཛུབ་སྟོན་གནང་བ་སོགས་ཀྲུང་དབྱངས་ཚུན་ཆད་ཀྱིས་རྒྱབ་སྐྱོར་དང་མཐོང་ཆེན་བྱེད་པ་ནི་ཆེས་གཟི་བརྗིད་དང་ལྡན་པ་སྟེ་སློབ་གླིང་འདི་ཡར་རྒྱས་དང་བརྟན་ལྷིང་ཡོང་བའི་རྣམ་པ་བཟང་པོ་ཞིག་ཏུ་ཚོར། གཞན་ཡང་ཐེངས་དང་པོའི་དགོན་གསར་ནུབ་མར་ལྟ་སྐོར་སློབ་སྦྱོང་སྐབས་དགེན་གནམ་ལྷ་བཀྲ་ཤིས་ཀྱིས་དགོན་འདིའི་སྔ་མོའི་ཆགས་ཚུལ་དང་ད་ལྟའི་གནས་བབས། མ་འོང་པའི་ཁ་ཕྱོགས་ཐད་འབྲེལ་བཤད་དང་། གནའ་དང་ད་བར་དུ་སློབ་གླིང་འདིར་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་བསྟན་འཛིན་གྱི་སྐྱེས་ཆེན་མང་པོ་ཕེབས་ཚུལ། ལྕང་སྐྱས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡིག་རིགས་གཉིས་ཀྱི་ལམ་དུ་སྒྱུར་ཚུལ་སོགས་དོན་སྙིང་ལྡན་པའི་ལོ་རྒྱུས་གསར་བཤད་དེར་རྟེན་རང་ཉིད་ཀྱང་འདིར་ཡོང་ཐུབ་པ་ཆེས་རིན་ཐང་ལྡན་པ་ཞིག་ཏུ་ཚོར། མཇུག་མཐར་ལོ་གསུམ་གྱི་མཐོ་རིམ་འཛིན་གྲྭ་མཐར་ཕྱིན་པའི་དམ་བཅའ་དང་། དབུ་ཁྲིད་རྣམས་པར་གུས་བཀུར། སྒྲིག་ཁྲིམས་ལ་བརྩི་སྲུང་། མཐར་ཕྱིན་རྗེས་རང་གི་ནུས་ཚོད་ཀྱིས་སློབ་གླིང་འདིར་ཞབས་བསུ་དང་། བསྟན་པ་དང་སེམས་ཅན་ལ་ནུས་པ་ཐོན་པའི་མི་སྣ་ཞིག་ཏུ་རེ་བ་དང་སྨོན་ལམ་བྱེད་བཞིན་བག་ཡངས་དང་ཞི་ལྷོད་ངང་དུ་མཆིས། ༢༠༡༧/༩/༢༡ ཡོན་ཏན་རྒྱ་མཚོ་ནས་ཕུལ།

你可能感兴趣的:(2017-11-29)